Blog Post
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐུན་མོང་གསལ་བསྒྲགས། / A Joint Statement Regarding the Reincarnation of Kunzig Shamar Rinpoche / 關於認證全知夏瑪仁波切轉世之聯合聲明 སྤྱི་ལོ་ 2023 སྤྱི་ཟླ་ 12 ཚེས་ 4 ལ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ནི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ཤིག་དང་། དེའི་ཐོག་མ་༧རྒྱལ་དབང་ཀརྨ་པ་ཡིན་པ་རྩོད་མེད་ཡོངས་སུ་གྲགས། ཆོས་རྗེ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་དངོས་སློབ་རྟོགས་ལྡན་གྲགས་པ་སེང་གེ་ནས་བཟུང་རིམ་པར་བྱོན་པའི་ཞྭ་དམར་ན་རིམ་ཡང་བོད་ཀྱི་སྤྲུལ་སྐུ་ལོ་རྒྱུས་རྙིང་ཤོས་གྲས་དང་། སྐུ་ཕྲེང་ཕལ་མོ་ཆེ་ཀཾ་ཚང་བཀའ་བརྒྱུད་གསེར་ཕྲེང་དུ་བཞུགས་ཤིང་། བསྟན་པ་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན་མོད། ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་སྐུ་གཤེགས་པ་ནས་བཟུང་ལོ་ངོ་བརྒྱ་དང་བདུན་ཅུ་ལྷག་ཙམ་གྱི་རིང་ལ་ཞྭ་དམར་གྱི་ཡང་སྲིད་ངོས་འཛིན་དང་ཁྲི་གསོལ་ཞུ་མ་ཆོག་པ་བྱུང་བ་དེ་ནི་བསྟན་པ་ལ་གོད་ཆག་དང། ལོ་རྒྱུས་ཀྱི་སྟོང་ཆ་གསབ་ཐབས་བྲལ་བ་ཞིག་ཡིན། དེ་ལ་དགོངས་ནས་རང་ཅག་རྣམས་ཀྱི་རིགས་ཀྱི་བདག་པོ་༧རྒྱལ་མཆོག་ཀརྨ་པ་བཅུ་དྲུག་པ་ཆེན་པོས་༧ཀུན་གཟིགས་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་ངོས་འཛིན་དང་ཁྲི་གསོལ་བཀའ་དྲིན་ཤིན་ཏུ་ཆེ་བར་མཛད་ཀྱང་། གདུལ་བྱའི་བསོད་ནམས་ཀྱིས་མ་འཆུན་པས་༧རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་དགོངས་པ་གཞན་དོན་དུ་ཕྱོགས་སྔ་ཞིང་། ༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ཡང་ཀཾ་ཚང་ནང་ཁུལ་ཟང་ཟིང་དུ་གྱུར་པའི་སྣང་ཚུལ་ཞོད་འཇགས་མ་བྱུང་བའི་གོང་དུ་ཞི་བར་གཤེགས་ཤོར་བ་ནི་བློ་ཕམ་གྱི་ཡུལ་དུ་གྱུར། འོན་ཀྱང་ཞྭ་དམར་ན་རིམ་གྱི་མཛད་པ་ཕྱག་རྗེས་དང་། ༧རྒྱལ་མཆོག་བཅུ་དྲུག་པས་སླར་ཡང་ངོས་འཛིན་གནང་ཚུལ་སོགས་ཕྱོགས་གང་ནས་བལྟས་ཀྱང་༧རྗེ་ཞྭ་དམར་པའི་ཡང་སྲིད་མུ་མཐུད་ངོས་འཛིན་ཞུ་རྒྱུ་དེ་ང་ཚོའི་འོས་འགན་ཞིག་ཏུ་མཐོང་ལ། དེའང་འཁྲུལ་པ་མེད་པ་དང་། རྩོད་པ་དང་བྲལ་བ་ཞིག་ངོས་འཛིན་ཐུབ་ཚེ་ཀཾ་ཚང་ཆིག་སྒྲིལ་ཡོང་བ་ལའང་ཕན་རླབས་ཅི་ཆེ་ཡོང་རྒྱུར་བརྟེན། ངེད་གཉིས་ཀྱིས་རང་སྐལ་དུ་བབས་པའི་འགན་འཁྲི་དེ་ཉིད་ཕྲག་ཏུ་བླངས་ནས། དཀའ་ངལ་དུ་མ་ཁྱད་བསད་ཀྱིས། ཕན་ཚུན་མཇལ་འཕྲད་ཐེངས་འགའ་བྱས་ཤིང་། ལྷག་བསམ་ཆེར་བསྐྱེད་ཀྱིས་གྲོས་བསྡུར་གཟབ་ནན་བྱས་འབྲས་གཉིས་མོས་གྲོས་ཆོད་བྱུང་བ་གཤམ་གསལ། 1. དོན་ཚན་དང་པོ། ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ངེད་གཉིས་ཐུན་མོང་གིས་ཞུ་རྒྱུ་ལས། ཁག་ཁག་སོ་སོ་ནས་མི་བྱེད་རྒྱུ། 2. དོན་ཚན་གཉིས་པ། ཞྭ་དམར་རིན་པོ་ཆེའི་ཡང་སྲིད་དེ་ཉིད་མཚན་དོན་མཚུངས་པ་ཞིག་ཡོང་བའི་དོན་དུ་བསླབ་པ་སློབ་གཉེར། དབང་ལུང་མན་ངག་འབུལ་རྒྱུ་སོགས་ཀྱི་འགན་ཀྱང་ངེད་གཉིས་ཐུན་མོང་ནས་འཁུར་རྒྱུ། 3. དོན་ཚན་གསུམ་པ། ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་ནི་ཀཾ་ཚང་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས། དེ་ལ་འབྲེལ་མེད་སུས་ཐེ་ཇུས་བྱས་ཀྱང་ངོས་ལེན་མི་བྱེད་རྒྱུ། མཐའ་དོན་རང་རེ་ཀརྨ་ཀཾ་ཚང་པ་རྣམས་བླ་མ་གཅིག་པའི་སློབ་མ། ཆོས་བརྒྱུད་གཅིག་པའི་རྡོ་རྗེའི་སྤུན་གྲོགས་ཡིན་ལ་ཡིན་དོན་བཞིན། ཕན་ཚུན་ཆགས་སྡང་གི་རྩོད་པ་དང་དབྱེ་འབྱེད་བྱེད་པ་ནི་བརྒྱུད་པ་གོང་མ་རྣམས་ཀྱི་ཞབས་འདྲེན་ཅིང་། རང་བསྟན་རང་གིས་བཤིག་པའི་ཚུལ་ལས་མ་འདས་པས། སྔར་བྱས་ལ་འགྱོད་བཤགས་དྲག་པོ་དང་བཅས་ཀཾ་ཚང་རྗེས་འཇུག་མི་རེ་ངོ་རེ་ནས་མ་མཐར་ཡང་ཡིག་བརྒྱ་འབུམ་གཅིག་དང་། ལྟུང་བཤགས་ཚར་སྟོང་རེ་གང་མགྱོགས་གྲངས་གསོག་ཐུབ་ཚེ་དགེ་མཚན་ཆེ་བར་མངོན་ཞིང་། ཕྱིན་ཆད་བརྒྱུད་པ་རིན་པོ་ཆེ་འདི་ཉིད་དུམ་བུ་གཉིས་སུ་མི་འཐོར་བ་དང་། ༧རྒྱལ་བ་ཡབ་སྲས་གཙོ་བོར་གྱུར་པའི་བླ་སྤྲུལ་གྱི་ཡང་སྲིད་ལ་མི་མཐུན་པའི་རྩོད་པ་ནམ་ཡང་མི་འབྱུང་བའི་སྒོ་ནས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་པ་ཐམས་ཅད་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་ཤིང་། མཐུན་ལམ་དཀར་འཇམ་ཡུག་གཅིག་ཏུ་འགྱུར་བ་ཞིག་ཤིན་ཏུ་ནས་གལ་ཆེ་བར་མངོན་པས་དེ་དོན་ཀུན་གྱིས་ཐུགས་ལ་འཇགས་པར་ཞུ། ། ཨོ་རྒྱན་ཕྲིན་ལས་རྡོ་རྗེ། མཐའ་ཡས་རྡོ་རྗེ། A Joint Statement Regarding the Reincarnation of Kunzig Shamar Rinpoche 4 December 2023 The tradition of recognising the reincarnation of tulkus is a particular feature of Tibetan Buddhism generally accepted to have begun with the Gyalwang Karmapas.... read more →